ཕྱི་ཡི་ལྕགས་རི་བརྟོལ་མེད།།
མེས་པོའི་རྫོང་ཁག་བཅོ་བརྒྱད།།
སེམས་ཀྱི་རྟིང་ལ་བཞེངས་ཡོད།།
ནས་ཆང་སྔོན་མོ་འཁྱིལ་ཡོད།།
གཞས་འདི་སེམས་ཀྱི་གཞས་ཆུང་།།
སྨུག་པོ་བོད་པའི་རྒྱུད་རེད།།
གཙང་པོའི་གཞུང་ལ་མདུད་པའི།།
མེས་པོའི་གསལ་བྱེད་སུམ་ཅུ།།
གཞས་འདི་སེམས་ཀྱི་གཞས་ཆུང་།།
སྨུག་པོ་བོད་པའི་རྒྱུད་རེད།།
ལྗོན་པའི་རྣ་རྒྱན་བོར་མེད།།
མེས་པོའི་རྒྱུད་ཀྱི་བུ་མོ།།
སེམས་ཀྱི་རྟིང་ལ་སྦས་ཡོད།།
བརྩེ་སེམས་ལག་གདངས་སྦྲེལ་བའི།།
གཞས་འདི་སེམས་ཀྱི་གཞས་ཆུང་།།
སྨུག་པོ་བོད་པའི་རྒྱུད་རེད།།